YouVersion Logo
Search Icon

གྲངས་ཀ གྲངས་ཀའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།

གྲངས་ཀའི་མདོ་ཞེས་བྱ་བའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
གྲངས་ཀ་ཞེས་བྱ་བའི་གཞུང་གི་ཁ་བྱང་ནི་ཡེས་ར་ཨེལ་པ་རྣམས་མི་ལོ་སུམ་ཅུ་སོ་བརྒྱད་རིང་དབེན་སྟོང་དུ་ཉུལ་བའི་སྐབས་སུ་མིའི་གྲངས་ཀ་ཐེངས་གཉིས་ལ་བརྩིས་པ་ལས་བཏགས་པ་ཡིན། རྩིས་གྲངས་དེ་གཉིས་ལེའུ་དང་པོ་དང་ལེའུ་ཉེར་དྲུག་པར་བཀོད་ཡོད། གྲངས་ཀའི་གཞུང་དུ་ཡེས་ར་ཨེལ་པ་རྣམས་དབེན་སྟོང་དུ་ཉུལ་བའི་ལོ་རྒྱུས་བརྗོད་ཡོད་པ་དང་། དབེན་སྟོང་ཉུལ་བའི་དོན་རྐྱེན་དེ་རི་བོ་སི་ནཱ་རུ་བཞག་པའི་ཞལ་ཆད་ཀྱི་རྗེས་སུ་བྱུང་བ་རེད།
ཡི་གེར་འགོད་མཁན་དང་འགོད་དུས།
སྲོལ་རྒྱུན་ལྟར་ན་གྲངས་ཀའི་གཞུང་ཡི་གེར་འགོད་མཁན་ནི་མོ་ཤེ་ཡིན་པར་གསུངས། གཏན་ཁེལ་དེ་ལྟར་བྱུང་བ་ལ་རྒྱབ་བརྟེན་གསུམ་ཡོད་དེ། (1) གཞུང་གི་ནང་དུ་མོ་ཤེ་ཡི་གེར་འགོད་མཁན་ཡིན་པའི་སྐོར་གྱི་གནས་ཚུལ་གསུངས་ཡོད། དཔེར་ན། གྲངས་ཀའི་ལེའུ་སོ་གསུམ་པའི་ཚིག་རྐང་དང་པོ་ནས་གཉིས་པའི་བར་དང་། ཨེ་ཅིབ་ནས་ཐོན་པའི་ལེའུ་བཅུ་བདུན་པའི་ཚིག་རྐང་བཅུ་བཞི་པ་དང་། ལེའུ་ཉེར་བཞི་པའི་ཚིག་རྐང་བཞི་པ། ལེའུ་སོ་བཞི་པའི་ཚིག་རྐང་ཉེར་བདུན་པ་བཅས་སུ་གསལ། (2) གནའ་བོའི་མཁས་པ་རྣམས་ཀྱིས་ཐོག་མའི་པོད་ལྔ་པོ་ནི་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱི་གཞུང་ཞིག་ཡིན་ཞིང་། དེ་ནི་ཡི་གེར་འགོད་མཁན་སྐད་གྲགས་ཅན་མོ་ཤེ་ཡིས་མཛད་པ་ཡིན་པར་གསུངས་ཡོད། (3) ཞལ་ཆད་གསར་པའི་ནང་དུ་ཐོག་མའི་པོད་ལྔ་པོ་ལུང་དྲངས་ཡོད་ལ། ལུང་ལ་ལར་མོ་ཤེ་ཡི་མཚན་སྨྲས་ནས་ཁོང་ལ་བདེན་དཔང་བྱས་ཡོད། དཔེར་ན། མད་ཐཱའི་འཕྲིན་བཟང་གི་ལེའུ་བཅུ་དགུ་པའི་ཚིག་རྐང་བརྒྱད་པ་དང་། ཡོ་ཧ་ནན་གྱི་འཕྲིན་བཟང་གི་ལེའུ་ལྔ་པའི་ཚིག་རྐང་ཞེ་དྲུག་ནས་ཞེ་བདུན་པའི་བར་དང་། རོ་མཱ་པ་རྣམས་ལ་སྤྲིངས་པའི་འཕྲིན་ཡིག་གི་ལེའུ་བཅུ་པའི་ཚིག་རྐང་ལྔ་པ་བཅས་སུ་གསལ། གྲངས་ཀའི་མདོ་འདི་མོ་ཤེ་ཡིས་ཁོང་ཉིད་སྐུ་མ་གཤེགས་པའི་གོང་སྟེ། སྤྱི་ལོ་སྔོན་གྱི་1406ལོའི་ཡས་མས་སུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
གྲངས་ཀ་ཞེས་བྱ་བའི་གཞུང་འདི་ནི་ཡེས་ར་ཨེལ་པ་རྣམས་ཀྱིས་རི་བོ་སི་ནཱ་ནས་ཀ་ན་ཨན་གྱི་ས་མཚམས་སུ་ཡོད་པའི་མོ་ཨབ་སྤང་ལྗོངས་བར་དུ་འགྲུལ་བསྐྱོད་བྱས་པའི་ལོ་རྒྱུས་ཡིན། གྲངས་ཀའི་མདོ་ལས་ཡེས་ར་ཨེལ་པ་རྣམས་ཀྱིས་དཀོན་མཆོག་ལ་འཁང་ར་དང་ངོ་རྒོལ་བྱས་པའི་གནས་ཚུལ་བརྗོད་ཡོད་པར་མ་ཟད། ཕྱིས་སུ་དཀོན་མཆོག་གིས་ཁོ་ཚོར་ཁྲིམས་ཐག་བཅད་པའི་སྐོར་ཡང་བྲིས་ཡོད། ཁོང་གིས་དེ་ཚོར་ས་སྟོང་ལུང་སྟོང་དུ་འཚོ་བ་རོལ་དགོས་པའི་ཆད་པ་བཅད། འོན་ཀྱང་ཁོ་ཚོའི་བུ་རྒྱུད་རྣམས་ཀྱིས་དཀོན་མཆོག་གིས་སྔར་ཞལ་བཞེས་གནང་བའི་ས་སྐལ་ལོངས་སུ་སྤྱོད་ཐུབ་པར་གྱུར། དབེན་སྟོང་ཉུལ་བའི་ལོ་དེ་དག་གི་རིང་ལ། དཀོན་མཆོག་གིས་དུས་རྟག་ཏུ་ཁོ་ཚོར་གཟིགས་སྐྱོང་ཡང་གནང་བའི་དོན་དེ་ཡེས་ར་ཨེལ་པ་རྣམས་ལ་མངོན་པར་གྱུར། ཁོང་གིས་དེ་དག་ལ་གང་མཁོ་བ་རྣམས་གནང་བར་མ་ཟད། རང་གི་འབངས་མི་ལ་གཅེས་ཤིང་ནམ་རྒྱུན་གུ་ཡངས་གནང་རྒྱུར་ཐུགས་མཉེས་པོ་ཡོད།
འཆར་ཟིན།
1. ཡེས་ར་ཨེལ་པ་རྣམས་རི་བོ་སི་ནཱར་ཡོད་པའི་དུས་སུ་ཀ་ན་ཨན་ཡུལ་དུ་འགྲོ་བར་སྟ་གོན་བྱས་པ། ༼ 1:1-10:10 ༽
2. ཡེས་ར་ཨེལ་པ་རྣམས་རི་བོ་སི་ནཱ་ནས་ཀཱ་དེའེ་ཤཱ་པར་ནེ་ཨ་ཞེས་པའི་ཡུལ་དུ་ཕྱིན་པ། ༼10:11-12:16 ༽
3. ཡེས་ར་ཨེལ་པ་རྣམས་ཀྱིས་ཀཱ་དེའེ་ཤཱ་ཡུལ་ནས་ངོ་རྒོལ་བྱས་པའི་རྐྱེན་གྱིས་ནར་འགྱངས་ཐེབས་པ། ༼13:1-20:13 ༽
4. ཡེས་ར་ཨེལ་པ་རྣམས་ཀཱ་དེའེ་ཤཱ་ཡུལ་ནས་མོ་ཨབ་ཀྱི་སྤང་ལྗོངས་བར་དུ་ཕྱིན་པ། ༼ 20:14-22:1 ༽
5. ཡེས་ར་ཨེལ་པ་རྣམས་མོ་ཨབ་སྤང་ལྗོངས་སུ་སྡོད་པའི་དུས་སུ་ཀ་ན་ཨན་ཡུལ་ཚུར་ལེན་པར་རེ་ལྟོས་བྱས་པ། ༼ 22:2-32:42 ༽
6. ཡེས་ར་ཨེལ་པ་རྣམས་དང་འབྲེལ་བའི་དོན་གཞན་རྣམས། ༼ 33:1-36:13 ༽