རྒྱལ་རབས་དང་པོ། རྒྱལ་རབས་ཀྱི་མདོ་དང་པོའི་ངོ་སྤྲོད་མདོར་བསྡུས།

རྒྱལ་རབས་ཀྱི་མདོ་དང་པོའི་ངོ་སྤྲོད་མདོར་བསྡུས།
ཁ་བྱང་དང་ལོ་རྒྱུས་རྒྱབ་ལྗོངས།
རྒྱལ་རབས་ཀྱི་མདོ་དང་པོ་དང་གཉིས་པ་ནི་སཱ་མུ་ཨེལ་གྱི་མདོ་དང་པོ་དང་གཉིས་པ། སྔོན་རབས་ཀྱི་མདོ་དང་པོ་དང་གཉིས་པ་བཞིན་དུ་གཞུང་གཅིག་ཡིན། གཞུང་དེ་གཉིས་ལ་ཨིབ་རི་པའི་སྐད་ཡིག་ལས་རྒྱལ་རབས་ཞེས་ཀྱང་འབོད། ལུང་སྟོན་པ་སཱ་མུ་ཨེལ་གྱིས་ལས་འགན་ཁུར་པ་ནས་བཟུང་པཱ་པེལ་ལོན་གོང་མའི་རྒྱལ་ཁབ་ཀྱིས་ཡེས་ར་ཨེལ་གཏོར་བཅོམ་བྱས་པའི་བར་གྱི་རྒྱལ་རྒྱུད་ཀྱི་ལོ་རྒྱུས་ཐམས་ཅད་སཱ་མུ་ཨེལ་དང་རྒྱལ་རབས་ཀྱི་མདོ་རྣམས་སུ་བཀོད་ཡོད། རྒྱལ་རབས་དང་པོའི་ནང་དུ་རྒྱལ་པོ་སོ་ལོ་མོན་གྱིས་བསྐྱངས་པའི་རྒྱལ་སྲིད་ནས་བཟུང་རྒྱལ་ཁམས་ཁག་གཉིས་སུ་གྱེས་པའི་སྐོར་དང་། ཨ་ཧབ་ཚེ་ལས་འདས་པའི་བར་གྱི་ཡེས་ར་ཨེལ་པའི་ལོ་རྒྱུས་བཀོད་ཡོད།
ཡི་གེར་འགོད་མཁན་དང་འགོད་དུས།
རྒྱལ་རབས་ཀྱི་མདོ་དང་པོ་དང་གཉིས་པ་གཉིས་ཀ་ཡི་གེར་འགོད་མཁན་སུ་ཡིན་པའི་སྐོར་ལ་བདེན་དཔང་གསལ་པོ་ཞིག་མེད། འོན་ཀྱང་ཡི་གེར་འགོད་མཁན་སུ་ཡིན་ཡང་། དེ་ནི་ཡེས་ར་ཨེལ་གྱི་ལུང་སྟོན་པ་རྣམས་དང་འདྲ་བར་བཀའ་ལུང་གི་མདོ་ལ་ཆ་རྒྱུས་གཏིང་ཟབ་ཡོད་པ་མངོན་གསལ་དོད་པོ་རེད། གཞུང་འདི་ནི་ཕལ་ཆེར་སྤྱི་ལོ་སྔོན་གྱི་562ལོར་ཡེ་ཧོ་ཡཱ་ཀིན་བཙོན་གྲོལ་བཏང་བའི་རྗེས་དང་། སྤྱི་ལོ་སྔོན་གྱི་538ལོ་སྟེ། པཱ་པེལ་ལོན་གྱིས་ཡེས་ར་ཨེལ་པ་རྣམས་བཙོན་གྲོལ་བཏང་བའི་སྔོན་དུ་ཡི་གེར་བཀོད་པ་ཡིན།
བརྗོད་སྙིང་དང་གསུང་འཕྲིན།
རྒྱལ་རབས་ཀྱི་མདོ་དང་པོ་དང་གཉིས་པ་ཡི་གེར་བཀོད་པའི་དམིགས་ཡུལ་དང་། ཡང་ན་བརྗོད་དོན་ཅི་ཡིན་སྐོར་ལ་འགྲེལ་བཤད་ཁ་གསལ་པོ་ཞིག་བརྒྱབ་མེད། སྤྱིའི་ཆ་ནས་རྒྱལ་རབས་ཀྱི་མདོ་དང་པོ་དང་གཉིས་པའི་ནང་དུ། ཡི་གེར་འགོད་མཁན་གྱིས་དཀོན་མཆོག་གི་ཞལ་ཆད་རྣམས་ཡིད་ལ་དྲན་ནས་ཡེས་ར་ཨེལ་དང་ཡ་ཧུ་དཱ་པའི་རྒྱལ་རབས་རིམ་བྱུང་གི་ལོ་རྒྱུས་བརྗོད་ཡོད། ཡི་གེར་འགོད་མཁན་གྱིས་གཙོ་བོ་ཡེས་ར་ཨེལ་པ་རྣམས་དཀོན་མཆོག་གི་ཞལ་ཆད་ལ་ཡིད་ཆེས་བརྟན་པོ་ཡོད་མེད་སྐོར་ལ་སེམས་ཁུར་བྱས་ཡོད། དེ་བས་ཁོང་གིས་དཀོན་མཆོག་གི་ཞལ་ཆད་ལ་བརྟེན་ནས་རྒྱལ་སྲིད་བསྐྱངས་པའི་རྒྱལ་པོ་དང་རྒྱལ་མོ་རྣམས་ཀྱིས་ཞལ་ཆད་ལ་གུས་བཀུར་བྱེད་དང་མི་བྱེད་ཀྱི་གནས་ཚུལ་བཀོད་ཡོད་དེ། མ་གཞི་དཀོན་མཆོག་གི་བཀའ་བརྩིས་པའི་ཚེ་ཞི་བདེ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྡན་པ་དང་། བཀའ་མི་བརྩི་བར་སྐུ་འདྲ་སྐྱབས་སུ་བསྟེན་པའི་ཚེ་དམག་འཁྲུག་དང་ཆག་སྒོ་འབྱུང་བ་བཀོད་ཡོད།
འཆར་ཟིན།
1. སོ་ལོ་མོན་གྱི་སྲིད་དབང་སྐོར། ༼1:1-12:24༽
2. ཡེས་ར་ཨེལ་གྱི་རྒྱལ་ཁམས་དང་ཡ་ཧུ་དཱའི་རྒྱལ་ཁམས་གཉིས་ཀྱི་རྒྱལ་པོ་འགའ་ཞིག་གི་ལོ་རྒྱུས། ༼12:25-16:34༽
3. ཨེ་ལི་ཡཱ་དང་རྒྱལ་པོ་ཨ་ཧབ་གཉིས་ཀྱི་སྐོར། ༼17:1-22:40༽
4. ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྐོར། ༼22:41-50༽
5. ཡེས་ར་ཨེལ་གྱི་རྒྱལ་པོ་ཨ་ཧ་ཟི་ཡཱའི་སྐོར། ༼22:51-53༽